A Tibetan living overseas sharing thoughts and observations

Showing posts with label བོད་ཀྱི་ཞབས་བྲོ་དང་རོལ་དབྱངས། རྨ་ཆུ།. Show all posts
Showing posts with label བོད་ཀྱི་ཞབས་བྲོ་དང་རོལ་དབྱངས། རྨ་ཆུ།. Show all posts

Thursday, April 16, 2009

ངོ་སྤྲོད་མདོར་བསྡུས་


རུས་མིང་ལྟར་མཚེ་ཁྲ་སྐལ་བཟང་རྒྱ་མཚོ་འབོད། ཡང་ན་སྐལ་རྒྱམ་ཡང་ཟེར། ཕ་ཡུལ་ཨ་མདོ་རྨ་ཆུའི་དཔལ་བན་ཚང་གི་འབྲོག་པས་ཁྱིམ་ཚང་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་། ཀན་སུའུ་ཞིང་ཆེན་སྒྱུ་རྩལ་ཆེད་གཉེར་སློབ་གྲྭར་ནས་བོད་ཀྱི་ཞབས་བྲོ་འཁྲབ་མཁན་གྲགས་ཅན་ཡི་དམ་སྐྱིད་ཀྱིས་བོད་རང་གི་ཞབས་བྲོའི་ཁྱད་ཆོས་གཞིར་བཟུང་ནས་མདོ་དབུས་ཁམས་ཀྱི་འཁྲབ་སྟངས་ཁྲིད་སྦྱངས་བྱས། སློབ་མཐར་ཕྱིན་རྗེས་ཀན་ལྷོ་ཁུལ་ཟློས་གར་ཚོགས་པའི་ནང་ལོ་ངོ་བཅུ་ལྷག་གི་རིང་བྱ་བ་ལས་ནས་སི་ཁྲོན་དང་མཚོ་སྔོན་ཀན་སུའུ། གཞན་རྒྱ་ནང་གི་ཞིང་ཆེན་སོ་སོ་དང་ལྷོ་ཀོ་རི་ཡ་སོགས་ནས་འཁྲབ་སྟོན་བརྒྱ་ཕྲག་བརྒལ་བ་བྱས།  ༩༥ ལོར་སྒྲ་ཐག་"ཨ་མདོའི་བུ་མོ་" དང་"ཀན་ལྷོའི་དཔྱིད་དཔལ་" ཟེར་བའི་སྟོད་ཆ་དང་སྨད་ཆ་གཉིས་གླུ་བ་ལྔའི་སྒྲ་བླངས་ནས་མདོ་དབུས་ཁམས་གསུམ་དུ་བཀྲམ། ༩༨ ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སྐད་བརྡ་རིགས་པ་དང་རྩོམ་རིགས་སློབ་མཐར་ཕྱིན། ༢༠༠༢ ལོ་ནས་བཟུང་པེ་ཅིན་དང་ལན་ཀྲུའུ་སློབ་གྲྭ་ཆེན་མོ་སོགས་ནས་དབྱིན་ཡིག་དང་རྩིས་འཕྲུལ་སོགས་ལོ་བཞིའི་རིང་སྦྱངས། ༢༠༠༥ ལོའི་ཟླ་༨ པར་ཆུང་མ་བྱ་ཁྱུང་སྐྱིད་དང་མཉམ་དུ་ཕ་ཡུལ་རྨ་ཆུའི་དཔལ་བན་ཚང་ནས་འགོ་བཙུགས་ཏེ་རྐང་ཐང་ལ་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་དང་དེ་ནས་རིམ་བཞིན་སྔོན་གྱི་དབུས་ལམ་བརྒྱུད་དེ་ལྷ་སར་ཟླ་བ་གསུམ་རིང་དབུས་མཇལ་སོང་།  ༢༠༠༧ ལོར་ཨ་རི་ལ་ཡོང་ནས་ཆུང་མའི་ཕ་ཡུལ་ Washington State ནས་བཅའ་སྡོད་བྱས། ལོ་དེར་ས་གནས་གླུ་བའི་འགྲན་སྡུར་ཞུགས་ནས་ཨང་དང་པོར་འདེམས་ཏེ་བྱ་དགའ་ཨ་སྒོར་ཁྲི་གསུམ་ཐོབ། Lopez Artist Advance དང་ས་གནས་སྒྱུ་རྩལ་པ་ཚོའི་རྒྱབ་སྐྱོར་འོག་ཆེད་བསྒྲིགས་འཁོར་ཐག་"གནས་མཇལ་བ། Pilgrimage"ཟེར་བ་སྒྲ་བླངས་ནས་འགྲེམ་སྤེལ་བྱས། ཚིག་དང་དབྱངས་ཕལ་ཆེ་བ་རང་གིས་བརྩམས། ༢༠༠༨ ལོའི་ཟླ་༩ བར་ Los Angeles ནས་ཚོགས་པའི་རྒྱལ་སྤྱིའི་རོལ་དབྱངས་དུས་སྟོན་སྟེང་གདན་ཞུ་བྱས། དེ་ནི་ World Festival of Sacred Music ཟེར། ༢༠༠༩ ལོར་ The Just Plain Folks Music Awards ཟེར་བའི་རྒྱལ་སྤྱིའི་གཞས་པའི་འགྲན་ཚོགས་ཁྲོད་"གནས་མཇལ་བ། Pilgrimage"ཟེར་བའི་འཁོར་ཐག་ལ་ཨེ་ཤ་ཡའི་འཁོར་ཐག་གྲགས་ཤོས་ཀྱི་འོས་གཞིར་བདམས་པ་དང་། འཁོར་ཐག་དེ་ཡི་ནང་ནས་དྲན་གླུ་དང་ངེད་གཉིས་ཀྱི་ལས་དབང་། གཉིས་ལ་ཨེ་ཤ་ཡའི་གཞས་སྣ་གྲགས་ཤོས་ཀྱི་འོས་གཞིར་ཀྱང་བདམས། གཞན་Tibetan Music Awards ཁྲོད་ནས་ཆེས་བཟང་བའི་གླུ་ཡི་འོས་གཞིར་བདམས། ༢༠༡༠ ལོའི་ཟླ་ ༢ པར་ DJ Marc Miguel of Buffetlibre རོལ་དབྱངས་གློག་ཆས་བཟོ་ཚོང་ཁང་གི་གདན་ཞུས་ལྟར་ཚིག་དབྱངས་རང་གིས་བརྩམས་པའི་གྲངས་ཀའི་གླུ་སྒྲ་བླངས་ཏེ་རྒྱལ་སྤྱིའི་ཚོང་ར་བཀྲམ། ༢༠༡༠ ལོར་ཟླ་ ༥ བའི་ཚེ་༢༩ ཉིན་ Seattle ནས་ཚོགས་པའི་བྱང་ནུབ་དམངས་ཁྲོད་དུས་སྟོན་ Northwest Folk life Festival སྟེང་ཞུགས། གླུ་བ་འགའ་ཡི་གཞས་མཉམ་བསྒྲིགས་ཀྱི་འཁོར་ཐག་“Roots and Branches: Live From The 2010 Festival” ཟེར་བ་ལོ་དེར་འགྲེམས་སྤེལ་བྱས། ༢༠༡༠ ལོའི་ཟླ་༩ བར་ལྷོ་ཀོ་རི་ཡའི་རྒྱལ་སྤྱིའི་ངོ་འབག་འཁྲབ་སྟོན་དུས་སྟོན་ཐོག་ཞུགས།  ༢༠༠༠ ལོར་ཐེངས་དང་པོ་དུས་སྟོན་དེ་ལ་ཞུགས་མྱོང་། ལོ་གཅིག་རིང་ལྷོ་ཀོ་རི་ཡའི་སྤྱི་ཚོགས་རིགས་གནས་དང་སྲོལ་རྒྱུན་འཁྲབ་སྟོན་ཞིབ་འཇུག་དང་ཀོ་རི་ཡའི་སྐད་ཡིག་ཆེད་སྦྱངས་བྱས།